མཁན་རབས་བཞི་པ།

 

 

༈ རྫོང་སར་མཁན་རབས་བཞི་པ་སྡེ་གཞུང་ཆོས་འཕེལ།

 

མཁན་རབས་བཞི་པ་སྡེ་གཞུང་ཆོས་འཕེལ་ནི་ལི་ཐང་སྡེ་གཞུང་དུ་སྐུ་འཁྲུངས་ཤིང༌། དེའི་དགོན་པའི་ཚོགས་སྒྲིགས་སུ་བཞུགས། སྒ་སྟོན་ངག་དབང་ལེགས་པ་དང་རྡོ་རྗེ་འཆང་འཇམ་དབྱངས་ཆོས་ཀྱི་བློ་གྲོས། མཁན་ཆེན་གཞན་དགའ། དབོན་སྟོན་མཁྱེན་རབ་སོགས་ཀྱི་སློབ་མ་ཡིན་པ་དང༌། མདོ་སྔགས་གཉིས་ཀ་ལ་ཤིན་ཏུ་མཁས་པར་གྲགས། ལྷག་པར་ས་སྐྱ་པ་རང་ལུགས་ལ་ཐུན་མོང་མིན་པའི་ཐུགས་ཞེན་དང༌། བཤད་སྒྲུབ་གཉིས་ཀའི་སྒོ་ནས་ཕྲིན་ལས་དང་བཀའ་དྲིན་ཆེ་ཞིང༌། སྐུ་གཤེགས་རྗེས་སྐུ་གདུང་ཞུགས་འབུལ་ཞུས་པ་ན། དབུ་ཐོད་ལས་ཨོ་རྒྱན་གུ་རུའི་སྐུ་ཤིན་ཏུ་གསལ་པོར་རང་འཁྲུངས་བྱུང་རབས་ཀྱང་གསུངས། ། ཁོང་གིས་བླ་མ་འཇམ་རྒྱལ་རིན་པོ་ཆེའི་རྗེས་སུ་རྫོང་སར་ཁམས་བྱེའི་བཤད་གྲྭ་ཆེན་མོའི་མཁན་པོ་འཇམ་མགོན་རྡོ་རྗེ་འཆང་ཆོས་ཀྱི་བློ་གྲོས་ཀྱི་བཀའ་བཞིན་ལོ་ལྔ་ལ་མཛད་པར་ཐོས་སོ། །ཁོང་གི་སྐུ་ཚེ་ཕལ་ཆེར་བསྙེན་སྒྲུབ་དང༌། བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་བརྩོན་པའི་ཞོར་དུ་འཁོར་སློབ་ཀྱང་བསྐྱངས་ཏེ་མདོ་སྔགས་ཀྱི་ཟབ་ཁྲིད་ཅི་རིགས་གནང་བ་དང༌། ཁྱད་པར་དུ་རང་ལུགས་ཀྱི་ལྟ་སྤྱོད་ཉམས་ལེན་གྱི་གནད་དང༌། ཕྱག་ལེན་ཚུན་གང་ཅིར་འདོན་སྤེལ་གནང་བར་ཕྱག་རྗེས་ཤིན་ཏུ་ཆེ་བར་གསུངས་སོ། །